Sunday, October 3, 2010
བཀའ་བློན་ཁྲི་པའི་འོས་མི་གཅིག་ཀྱང་ལངས་མཁན་མེད་པར་ལུས་ནས་བསྡད་པའི་ཟླ་ཤས་སྔོན་གྱི་ང་ཚོའི་ཐབས་སྐྱོ་བའི་གནས་སྟངས་དེ་ད་ཆ་རིམ་བཞིན་ཡལ་འགོ་ཚུགས་ནས་ཁ་སང་དེ་རིང་བཀའ་བློན་ཁྲི་པའི་རྐུབ་སྟེགས་སྒང་ལ་འོས་མི་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་འཚང་ཁ་ཤིག་ཤིག་གིས་མངོན་ཡོང་དུས་ངོ་མ་ངའི་སེམས་ལ་བརྗོད་མི་ཤེས་པའི་དགའ་སྣང་ཞིག་འདུག་་་་་་་སྤྱིར་འོས་བསྡུའི་འཐབ་རྩོད་ནི་མང་གཙོའི་ལམ་སྲོལ་ཁྲོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད་པ་བཞིན།་་འཐབ་རྩོད་ཀྱི་བརྒྱུད་རིམ་འདིའི་ཁྲོད་དུ་གཡོ་སྒྱུ་དང་བསླུ་བྲིད།་་་དམར་གསོད་ལ་སོགས་འཇིག་རྟེན་མི་ཆོས་དང་འགལ་བའི་ལྟ་སྤྱོད་གང་མང་ཞིག་ཀྱང་ང་ཚོ་གནས་སྡོད་བྱེད་སའི་རྒྱ་གར་གཙོོས་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་མང་པོའི་ནང་སྤེལ་གྱིན་ཡོད་སྟབས།་་ཚ་ཚ་འུར་འུར་དུ་གྱུར་བའི་ང་ཚོའི་འོས་བསྡུའི་དུས་སྐབས་དེ་ཡང་གང་མགྱོགས་སླེབས་ལ་ཉེ་བའི་དུས་འདིར།་་་ངའི་སེམས་ཀྱི་དགའ་སྣང་གི་ཚོར་བ་དེ་ཞེད་སྣང་དང་ལྷན་དུ་བཞུར་གྱིན་འདུགཡིན་ཡང་དེ་རིང་ངས་འདིར་གླེང་འདོད་པ་ནི་རྙོག་འཛིང་ཆེ་བའི་འོས་བསྡུའི་འཐབ་རྩོད་ཀྱི་སྐོར་མ་ཡིན་པར།་་་བོད་པ་ཚོས་བཀའ་བློན་ཁྲི་པ་དང་འབྲེལ་བའི་བགྲོ་གླེང་གི་ཁ་ཕྱོགས་བསྒྱུར་འདོད་པ་ཡིན།་་་་་དེ་ཡང་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱི་རེ་སྒུག་གི་མང་གཙོ་ཞེས་པའི་དཔྱད་རྩོམ་ལེའུ་གསུམ་པའི་ནང་བོད་མི་ཚོས་བཀའ་བློན་ཁྲི་པའི་འོས་མི་སྐོར་ལ་གླེང་སློང་བྱེད་པ་ལས་འོས་མི་གང་ཞིག་བཀའ་བློན་ཁྲི་པ་ཆགས་རྗེས་ཁོང་གིས་སྲིད་ཇུས་ག་འདྲ་ཞིག་འཛིན་མིན་གྱི་་ཐད་ལ་ཁྱོན་ནས་གོ་བསྡུར་བྱེད་ཀྱིན་མི་འདུག་ཅེས་བྲིས་འདུག་ལ།་་ངས་འདིར་བོད་མི་ཚོས་སུས་འཇོན་མིན་དང་སུ་ལ་ཉམས་མྱོང་ཡོད་མེད་ཀྱི་སྐོར་ལ་ཚོད་བགམ་དང་ཀླན་ཀ་འཚོལ་བ་ལས།་་་་་གུ་ཡངས་རིང་ལུགས་ཀྱི་བསམ་བློ་དང་ཕུགས་རྒྱང་རིང་པོའི་མནོ་བསམ་བཞེས་པའི་ཐོག་་་་དྭོགས་པ་རྣམ་རྟོག་ཡོངས་སུ་སྤངས་ནས་བློ་སྤོབས་ཆེར་བསྐྱེད་ཀྱིས་ཉམས་མྱོང་མེད་མཁན་ཚོར་ཉམས་མྱོང་གསར་བ་བསྡུ་སྐོང་བྱེད་དུ་འཇུག་རྒྱུ་དང་།་་་འཇོན་ཐང་སྟོན་པའི་དུས་ཚོད་མ་རེག་མཁན་ཚོར་སོ་སོའི་འཇོན་ཐང་ཕྱིར་མངོན་དུ་འཇུག་རྒྱུའི་གོ་སྐབས་སྤྲོད་པར་ཚང་མས་སེམས་གཏིང་ནས་གྲ་སྒྲིག་བྱེད་དགོས་ཀྱི་འདུག་ཅེས་བརྗོད་འདོད་བྱུང་།དཔེར་ན་རྒྱ་གར་གྱི་ཆབ་སྲིད་ལོ་རྒྱུས་ཁྲོད་ལ་ཕྱིར་མིག་ཅིག་ལྟོས་དང།ཕྱི་ལོ་༡༩༦༢་ལོའི་རྒྱ་ནག་གི་བཙན་འཛུལ་གྱི་ཉེར་ལེན་ལ་བརྟེན་ནས་་རྒྱ་གར་གཞུང་དམངས་གཉིས་ཀའི་སེམས་གཏིང་ནས་རེ་ལྟོས་བྱེད་སའི་དབུ་ཁྲིད་ནེ་རོ་མཆོག་་་་་ལུས་སེམས་གཉིས་ཀྱི་གནོན་ཤུགས་གང་མང་འོག་ཕྱི་ལོ་༡༩༦༤་ལོར་དགོངས་པ་རྫོགས་པ་རེད་ལ།ལོ་དེར་རྒྱ་གར་ཀོང་རེ་སི་ཆབ་སྲིད་ཚོགས་པས་རྒྱ་གར་གྱི་དབུ་ཁྲིད་མི་སྣའི་སྟོང་ཆ་དེ་སྐོང་ཆེད་མི་ཚང་གྲོང་གསེབ་ཧ་ཅང་སྐྱོ་བོ་ཞིག་ནས་ཡིན་པ་མ་ཟད་མི་ཧ་ཅང་ཉམ་ཆུང་ཡིན་པའི་ཞ་སི་ཐཱི་རེ་ཁོང་རྒྱ་གར་གྱི་སྲིད་བློན་ལས་གནས་སུ་བསྐོ་བཞག་བྱེད་དུས་རྒྱ་གར་གཞུང་དམངས་གཉིས་ཀྱིས་ཁོང་གི་འཇོན་ཐང་ཐད་ལ་བློ་དྭོགས་དང་སེམས་འཚབ་ཆེན་པོ་སྐྱེས་པ་རེད་ལ།་་་དྲང་མོར་ཞུས་ན་སྐབས་དེར་ཀོང་རེ་སི་ཚོགས་པས་ཀྱང་ཁོང་ཉིད་གནས་སྐབས་རིང་སྲིད་བློན་ལ་བསྐོ་བཞག་བྱས་པ་མ་གཏོགས་ཁོང་གིས་ཞེ་དྲག་འཇོན་གྱི་རེད་བསམ་པའི་རེ་བ་དང་ཚོད་དཔག་ནམ་ཡང་བྱས་མེད།་་་འོན་ཀྱང་བློ་ཡུལ་ལས་འདས་པ་ཞིག་ནི་ཁོང་གིས་སྲིད་བློན་གྱི་ལས་གནས་འཇུས་རྗེས་ལོ་རབས་དྲུག་ཅུ་པའི་ནང་གི་རྒྱ་གར་གྱི་དཔལ་འབྱོར་དཀའ་ངལ་དང་མངའ་ཁོངས་སྲུང་སྐྱོབ་ཐད་ཀྱི་དཀའ་ངལ་ཁག་ལ་ཕྱོགས་ཡོངས་ནས་གདོང་ལེན་བྱས་པས་ཁོང་དང་ཁོང་གི་་ཞིང་པ་རྒྱལ་ལོ་དམག་མི་རྒྱལ་ལོ་ཞེས་པའི་འབོད་ཚིག་གྲགས་ཅན་དེ་རྒྱ་གར་རྒྱལ་ཡོངས་ལ་འབྲུག་ལྟར་གྲགས་པ་རེད།་་་་དེ་ཡང་སྐབས་བབ་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་མཁས་དབང་བློ་བཟང་སེང་གེ་ལྟ་བུ་ལ་མཚོན་ན་གཅིག་ནས་ཁོང་ལ་དེང་དུས་ཀྱི་ཤེས་ཡོན་ཚད་མཐོ་བོ་ཡོད་པ་གང་ཞིག་ལ་ ཁོང་བོད་ཀྱི་གནའ་བོའི་སྲོལ་རྒྱུན་རིག་གནས་ལ་བརྩི་མཐོང་བྱེད་མཁན་ཞིག་ཡིན་ལ།་་གཉིས་ནས་ཁོང་གི་མི་སྒེར་གྱི་འབྲེལ་ལམ་གྱི་ཐད་དང་།་་སྤྱི་ཚོག་ས་ཀྱི་གནད་དོན་ཐད།་་་་ཆབ་སྲིད་ཀྱི་གནད་དོན་ཐད་སོགས་ཕྱོགས་གང་གི་ཐད་ནས་བལྟས་ཀྱང་རྙོག་གླེང་སོགས་གང་ཡང་མེད་ཅིང་།་་་་གསུམ་ནས་ཁོང་ལ་རྒྱལ་སྤྱིའི་དང་ལྷག་པར་རྒྱ་ནག་གི་ཆབ་སྲིད་གནས་བབ་དང་འགྱུར་འགྲོས་སྐོར་ལ་རྒྱུས་མངའ་ཟབ་པོ་ཡོད་མཁན་ཞིག་ཡིན་པས།་་་ཁོང་ནི་ང་ཚོ་གཞོན་སྐྱེས་ཚོས་མིག་དཔེ་བལྟ་ས་དང་སེམས་ཀྱི་རྨི་ལམ་བཞེངས་སྐྲུན་བྱེད་ས་ཡིན་ལ།་་་་་ང་ཚོའི་རྒན་རབས་པ་ཚོས་ཀྱང་མ་འོངས་པའི་རེ་ལྟོས་དང་ཡིད་ཆེས་ཀྱི་མིག་ཟུང་ཁོང་ལ་བགྲད་པ་ཡིན་ན།་་ཁོང་གིས་ཏན་ཏན་རང་ཉིད་ཀྱིས་ཤེས་ཡོན་དང་ལྷག་བསམ་གྱི་ནུས་སྟོབས་ཟུང་དུ་སྦྲེལ་ནས་ང་ཚོའི་ཐུན་མོང་གི་མངོན་འདོད་བསྒྲུབ་པར་སྔར་ལས་ལྷག་པའི་ནུས་པ་འདོན་ངེས།་་་་ཚང་མས་ཐུགས་བསམ་བཞེས་དང་།་་་་ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ལ་བལྟས་ནས་བརྗོད་ནའང་།་་་ང་ཚོས་རྟག་ཏུ་རྙིང་ལྟ་མཁྲེགས་འཛིན་ཅན་གྱི་མི་རབས་རྒན་པ་རྐྱང་རྐྱངབཀའ་བློན་ཁྲི་པར་བསྐོ་བ་ལས།་་་་ད་ནི་གུ་ཡངས་རིང་ལུགས་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་དེའི་ཚབ་ལ་ཁ་སྐོང་བྱེད་ཐུབ་ན་དུས་ཚོད་དང་གནས་སྟངས་གང་གི་ཐད་ནས་བལྟས་ཀྱང་འོས་ཤིང་འཚམ་པ་ཞིག་རེད་མི་འདུག་གམ།་་་་གལ་ཏེ་བློ་བཟང་སེང་གེ་ཁོང་བཀའ་བློན་ཁྲི་པར་བསྐོས་པའི་དབང་དུ་བཏང་ན།་་་ལག་ལེན་དངོས་ཀྱི་ཉམས་མྱོང་ཐད་ནས་ཁོང་གིས་ནོར་འཁྲུལ་ཕྲ་ལ་ཕྲན་བུ་བཟོ་ངེས་ཀྱང་།་་་གནས་སྐབས་རིང་༧གོང་ས་རྒྱལ་བའི་དབང་པོ་མཆོག་སྐུ་དངོས་སུ་བཞུགས་ཡོད་ལ་༧་ཁོང་གི་ལམ་སྟོན་དང་གཞོགས་འདེགས་ག་དུས་ཡིན་ཡང་ང་ཚོ་དང་མཉམ་དུ་ཡོད་པས་ཞེད་སྣང་དང་འཛེམ་དྭོགས་སྐྱེས་དགོས་དོན་གང་ཡང་མེད།་་་་འོན་ཀྱང་ཉིན་ཞིག་༧གོང་ས་མཆོག་ང་ཚོ་དང་ལྷན་དུ་མེད་པའི་སྐབས་སུ་བཀའ་ཁྲིའི་ལས་འགན་ལྕི་མོ་དེ་གློ་བུར་དུ་གཞོན་སྐྱེས་ཤིག་གི་ལག་པར་གཡུག་པ་ཡིན་ན།་་་དེ་དུས་བཀའ་བློན་ཁྲི་པ་གང་དེའི་བཟོས་པའི་ཆབ་སྲིད་ཀྱི་ནོར་འཁྲུལ་ཁག་གི་ཉེས་དམིགས་སུ་ལ་འཛུགས་དགོས་ཨང་།་་་་་དེ་ཡང་༧གོང་ས་མཆོག་གིས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་གསུངས་པ་བཞིན་གནད་དོན་འདིའི་རིགས་ཀླད་པ་ཞིག་ཡོད་ན་ནི་བོད་མི་ཚོས་བསམ་བློ་གཏོང་བའི་དུས་ལ་བབས་འདུག་་་་་་ངོ་མ་དུས་ལ་བབས་འདུག
No comments:
Post a Comment