རྩོམ་ཡིག་འདི་ནི་་༢༠༠༥་་་༢༠༠༦་ལོའི་ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་ཀྱིས་རྒྱ་གར་ནང་བཀོད་སྒྲིག་བྱས་པའི་རྩོམ་ཡིག་འགྲན་བསྡུར་ཁྲོད་ཨང་རིམ་བཞི་པར་འདེམས་ཐོན་བྱུང་།
ཐོག་མའི་གླེང་གཞི།
སྤྱི་ཁྱབ་རང་བཞིན་གྱི་ལྟ་བའི་ཁ་ཕྱོགས་ངོས་ནས་གླེང་ན། འཛམ་གླིང་གི་ས་སྒང་རིལ་མོ་འདིའི་སྒང་དུ་འཚོ་ཞིང་གནས་པའི་མི་རིགས་གང་འདྲ་ཞིག་ཡིན་རུང་། སོ་སོའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་གོམས་གཤིས་སོགས་ནི་མི་རིགས་གང་དེའི་ཚེ་སྲོག་གི་རྩ་བ་དང་གཞི་རྐང་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་ལ། སྐབས་བབ་རང་ཅག་བོད་མི་རིགས་ལ་ཆ་མཚོན་ཡང་འཛམ་གླིང་གི་ཁྱིམ་གཞིས་ཆེན་པོ་འདིའི་ནང་དུ་གྲ་མ་ཆག་་་དྲོད་མ་ཡལ་བར་གཟི་བརྗིད་ལྡན་པའི་སྒོ་ནས་ཡུན་གནས་བྱ་དགོས་ཚེ། མི་རིགས་འདིའི་ཚེ་སྲོག་གི་རྟེན་གཞིར་གྱུར་བའི་རིག་གཞུང་གི་མ་ལག་ཡོད་ཚད་གསོན་པོར་གནས་དགོས་ཀྱི་ཡོད་པ་རེད་ལ། ཐུན་མིན་གྱི་རིག་གཞུང་དེ་ཉིད་གསོན་པོར་གནས་པ་ལ་བོད་མི་རྩམ་གཟན་ཡོངས་ཀྱིས་ཕྱོགས་ཡོངས་ནས་རང་འཁྲི་དང་དུ་བླངས་ནས་སོ་སོའི་རིག་གཞུང་དང་གོམས་གཤིས་སོགས་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་དགོས་པ་ནི་སྨྲོས་མེད་རེད། དེ་ཡང་མཁྱེན་གསལ་ལྟར། ཕྱི་ལོ་༡༩༥༩་ལོར་རྒྱ་འདྲེ་དམར་པོས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུ་དང་།བོད་ཀྱི་རང་བྱུང་ཐོན་ཁུངས་རྒྱ་ཡུལ་དུ་དབོར་འདྲེན་བྱེད་རྒྱུ། མི་འབོར་སྤོ་ཤུགས་ལ་སོགས་པའི་དམིགས་ཡུལ་དུ་མ་ངན་བཅངས་བྱས་ཏེ། ཧམ་སེམས་ཀྱི་འདྲེ་ལག་བོད་དུ་བརྐྱངས་པས། བོད་མི་རིགས་འདི་ཉིད་གཞིས་བྱེས་གཉིས་སུ་གྱེས་དགོས་བྱུང་ཞིང་། དེ་ནས་མའོ་ཙེ་ཏུང་གི་རིག་གནས་གསར་བརྗེ་དང་། ཏུན་ཞའོ་ཕིན་གྱི་བཅོས་བསྒྱུར་སྒོ་འབྱེད། ཅང་ཙེ་མིན་གྱི་ནུབ་བརྒྱུད་ཐོན་འབྱེད་ཆེན་མོ་སོགས་རྣམ་པ་མི་འདྲ་བའི་ཆབ་སྲིད་ཀྱི་ངན་ཇུས་རྣོ་ངར་ཅན་དེ་དག་རིམ་བཞིན་བོད་ནང་དུ་ལག་བསྟར་བྱས་པས། བོད་ཀྱི་སྐད་ཡིག་གཙོ་བྱས་པའི་རིག་གཞུང་གི་མ་ལག་ཀུན་ལ་བཙན་འཛུལ་གྱི་གནོན་ཤུགས་ཡང་ཡང་ཕོག་སྟེ། བོད་ཀྱི་དངོས་ཡོད་སྤྱི་ཚོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཤིང་། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་ཡང་བོད་ཀྱི་རིག་གཞུང་སོགས་ལ་དོན་གཉེར་བྱེད་སའི་ཚད་ལྡན་གྱི་ཁོར་ཡུག་མེད་པ་དང་བེད་སྤྱོད་བྱེད་སའི་སྤྱི་ཚོགས་ཆུང་དྲགས་པ། ལྷག་པར་དུ་ནུབ་ཕྱོགས་རིག་གནས་ཀྱི་ཤུགས་རྐྱེན་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་བོད་ཀྱི་རིག་གཞུང་དང་། བོད་མི་རིགས་ཀྱི་སེམས་ཁམས་སོགས་ཉམས་རྒུད་ནས་རྩ་བརླག་ཏུ་འགྲོ་འགོ་ཚུགས་ཡོད་ལ། དེ་དང་ཕྱོགས་མཚུངས་སུ་ཆབ་སྲིད་ཀྱི་གནས་བབ་ཀྱང་ཆེས་ཛ་དྲག་ཅན་དུ་གྱུར་ཡོད། དེར་བརྟེན། ང་ཚོས་སོ་སོའི་རྩ་དོན་གྱི་ཆེད་དུ་ཕན་ནུས་ལྡན་པའི་ལས་འགུལ་གང་མང་སྤེལ་མ་ཐུབ་ཚེ། བོད་མི་རིགས་འདི་ཉིད་རྒྱ་ནག་གི་ལོ་རྒྱུས་ནང་གི་མན་ཇུ་མི་རིགས་བཞིན། མི་རིགས་མཉམ་འགྱུར[1]་གྱི་གནས་བབ་ལ་སླེབས་པར་གདོན་མི་ཟ་བས། འདིར་ཕྲན་གྱིས་སྐབས་བབ་བོད་མིའི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་མི་རིགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འགན་འཁྲི་དེ་རིག་གཞུང་དང་ཆབ་སྲིད་གཉིས་གཙོར་བཟུང་ནས་ཚན་པ་ཁ་ཤས་ནང་རེ་རེ་བཞིན་གླེང་བར་སྤྲོའོ།
ང་ཚོས་སོ་སོའི་རིག་གཞུང་གི་ངོ་བོ་དང་རིན་ཐང་ཧ་གོ་དགོས།
མི་རིགས་ཤིག་གི་རིག་གཞུང་དང་གོམས་གཤིས་ནི་མི་རིགས་དེ་ཉིད་མི་རིགས་གཞན་ཞིག་ལས་ལོགས་སུ་འབྱེད་བྱེད་ཀྱི་ལག་ཆ་གལ་ཆེ་ཤོས་དེ་ཡིན་པས། མི་རིགས་ཤིག་གི་འཚོ་སྡོད་ཀྱི་གནད་དོན་དེ་རིག་གཞུང་གི་གནས་བབ་དང་འབྲེལ་ཡོད་ལ། རིག་གཞུང་གི་གནས་བབ་དེ་ཡང་མདོར་དེད་ན་གང་ཟག་རེ་རེ་དང་འབྲེལ་བ་ཆགས་བསྡད་ཡོད། དེར་བརྟེན། སོ་སོའི་རིག་གཞུང་ལ་སྲུང་སྐྱོབ་དང་བདག་གཅེས་བྱེད་པ་ནི་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་དང་གཅིག་མཚུངས་ཡིན། དེ་ཡང་རྡུལ་མཚོན་གྱི་དུས་རབས་ཅེས་འབོད་པའི་ད་ལྟའི་དུས་རབས་འདིར། ཕྱིའི་དངོས་པོའི་ཡར་རྒྱས་ཀྱི་སྐྱ་རེངས་འཛམ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་ནས་རིམ་བཞིན་འཆར་ཐུབ་བྱུང་ཡོད་ནའང་། འགྲོ་བ་མིའི་རིགས་ཀྱི་ནང་བསམ་པའི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་ཁར་བསྙེགས་མ་ཐུབ་པའི་རྒྱུ་མཚན་གྱིས། འཛམ་གླིང་གི་ས་ཕྱོགས་གང་སར་དཀའ་ངལ་དང་རྩོད་རྙོག་བསྟུད་མར་འབྱུང་བཞིན་ཡོད་ལ། དེ་ལྟ་བའི་འཇིགས་སྣང་གི་ཡོ་ལང་ཁྲོད་ནས་འགྲོ་བ་མིའི་རིགས་ཀྱི་སེམས་ལ་ཡང་སྔར་ལས་ལྷག་པའི་སྡུག་བསྔལ་གྱི་ཁུར་བོ་ལྕི་མོ་ཞིག་ལས་ཅི་ལས་ཐོབ་མྱོང་མེད། འོན་ཀྱང་། རང་ཅག་བོད་ཀྱི་རིག་གཞུང་གི་རྩ་བ་དེ་ནང་བསྟན་ཤེས་རིག་དང་སྦྲེལ་ཡོད་པའི་དབང་གིས། ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བ་ཞིག་འགྲེལ་བཤད་བསྐྱོན་ཐུབ་པའི་རིག་གཞུང་ཡང་བོད་ཀྱི་རིག་གཞུང་འདི་ལས་མེད་པས། བོད་ཀྱི་རིག་གཞུང་ནི་བོད་མི་རྩམ་གཟན་གཅིག་པུ་ཙམ་མ་ཡིན་པར། འཛམ་གླིང་སྤྱི་དང་ཡང་སྒོས་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་སྟོང་ཆ་དང་དཀའ་ངལ་གྱི་ཐད་ལ་ཕན་བདེ་རླབས་ཆེན་སྒྲུབ་ཐུབ་པའི་ལག་ཆ་ཞིག་དང་། མི་རིགས་འདྲ་མིན་ཁག་གི་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་ནས་བྱུང་བའི་དམག་འཁྲུག་དང་གྱོང་གུད། མདོར་ན། འཛམ་གླིང་གོ་ལ་ཧྲིལ་པོའི་བདེ་སྡུག་ཡོད་ཚད། ནང་ཆོས་དང་འབྲེལ་བའི་བོད་ཀྱི་ཀུན་སྤྱོད་སློབ་གསོའི་མཛུབ་སྟོན་དང་ནུས་སྟོབས་ལ་ཁ་འབྲལ་ཐབས་མེད་པ་ཆགས་ཡོད་སྟབས། བོད་ཀྱི་རིག་གཞུང་ནི་འཇིག་རྟེན་ཀུན་ཕན་གྱི་རིག་གཞུང་ཆེས་ཁྱད་དུ་འཕགས་པ་ཞིག་ཡིན་པ་ལས། བེད་མེད་དང་རྗེས་ལུས་ཀྱི་རིག་གཞུང་ཞིག་མིན་པ་ང་ཚོས་ངེས་པར་དུ་ཧ་གོ་དགོས། ལྷག་པར་འཛམ་གླིང་འདིའི་སྟེང་དུ། བོད་ཅེས་པ་ཞིག་གོང་བུ་གཅིག་སྒྲིལ་གྱི་རྣམ་པའི་ཐོག་ནས་དུས་ད་ལྟའི་དབར་འཚོ་སྡོད་ཐུབ་པ་བྱུང་བའང་རང་ཅག་གི་རིག་གཞུང་གི་བཀའ་དྲིན་ཉག་ཅིག་ཡིན་པ་ང་ཚོས་ཅིས་ཀྱང་སོ་སོའི་ཡིད་སེམས་ཀྱི་རྡོ་རིང་ངོས་ནས་དུས་ནམ་ཡང་མ་ཡལ་བ་བྱེད་དགོས།
རིག་གཞུང་ཉམས་རྒུད་ཀྱི་རྒྱུ་རྐྱེན་འཚོལ་ཞིབ་བྱེད་དགོས།
བོད་ཆོལ་གསུམ་ཡོངས་རྫོགས་རྒྱའི་བཙན་འཛུལ་གྱི་ལྕགས་སྒྲོག་ནང་ཚུད་པའི་ཆེས་ཐབས་སྡུག་གི་གནས་སྟངས་དང་། ཁོང་ཚོའི་རེས་ལྷོད་རེས་སྡམ་གྱི་སྲིད་ཇུས་ངན་པའི་གནས་རིམ་ཁྲོད་དུ། བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་ཡོད་ལ། ནང་བསྟན་ཤེས་རིག་གི་རིག་གཞུང་དོན་གཉེར་བྱེད་སའི་དགོན་སྡེ་དྲུག་སྟོང་ལྷག་རྩ་མེད་དུ་ཕྱིན་ཡོད། ལྷག་པར་བོད་མིའི་ཆོས་དད་ཀྱི་རང་དབང་བཙན་འཕྲོག་བྱེད་པ་དང་། སེ་འབྲས་དགའ་གསུམ་གཙོ་བྱས་པའི་དགོན་སྡེ་ཁག་གི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་བྱེད་པ། བོད་ཡིག་སློབ་ཚན་གཙོར་བཟུང་བའི་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་ཉུང་འཕྲིའམ་རྩ་མེད་བཟོ་བ། རྒྱའི་སྐད་ཡིག་གི་ཤེས་ཡོན་གྱི་ཆུ་ཚོད་ངེས་ཅན་མེད་ཚེ་ལས་མེད་དུ་འགྱུར་བ་སོགས་འདྲ་མཉམ་མིན་པའི་སྲིད་བྱུས་འདི་དག་གིས་རྐྱེན་པས། བོད་ཀྱི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་ཕྱིན་པ་དང་། གཞིས་བཞུགས་བོད་མི་ཚོར་མཚོན་ན། གཞན་དབང་སྟབས་བསྟུན་གྱི་གནས་སྟངས་འོག་རང་གི་རིག་གཞུང་དང་གོམས་གཤིས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡང་དཀའ་ངལ་གྱི་རང་བཞིན་ཅན་ཞིག་ཏུ་གྱུར་ཡོད་ལ། དེ་བཞིན་དུ་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་སའི་སྤྱི་ཚོགས་ཆུང་དྲགས་པ་དང་། རིག་གཞུང་རྒྱུད་འཛིན་བྱེད་སའི་ཁོར་ཡུག་ངེས་ཅན་ཞིག་མེད་པའི་དབང་གིས། མི་རིགས་གཞན་ཞིག་གི་སྐད་ཡིག་དང་རིག་གཞུང་དང་དགོས་པ་སྟབས་བསྟུན་བྱེད་དགོས་བྱུང་ཡོད་མོད། འོན་ཀྱང་། རང་བློ་ནང་དུ་བཀུགས་ནས་བསམས་གཞིགས་ཞིབ་མོ་ཞིག་དང་། བརྟག་དཔྱད་རྣལ་མ་ཞིག་བྱེད་དུས། ད་གཟོད་མི་རིགས་ཤིག་གི་རིག་གཞུང་ཉམས་རྒུད་ནི་མི་རིགས་གཞན་ཞིག་གི་བཙན་འཛུལ་གྱི་རྒྱུ་རྐྱེན་ཁོ་ནའི་འོག་འཚར་ལོངས་བྱུང་བ་ཞིག་མ་ཡིན་པར། མི་རིགས་རང་ཉིད་ཀྱིས་བེད་སྤྱོད་དང་སྲུང་སྐྱོབ་བྱས་ཡོད་མེད་ལ་འབྲེལ་བ་དམ་ཟབ་འདུག་སྙམ་སྟེ། དངོས་ཡོད་ཀྱི་སྤྱི་ཚོགས་ཁྲོད་དུ། རྒྱ་དཀར་ནག་གཉིས་དང་། ཨིན་ཇི་གཙོ་བྱས་པའི་ཤར་ནུབ་རྒྱལ་ཁབ་ཁག་གི་ཤུགས་རྐྱེན་དབང་གིས། བོད་མི་ཚོའི་རྒྱུད་ནས་མི་རིགས་རིང་ལུགས་ཀྱི་འདུ་ཤེས་གཙང་མའི་དྲི་མ་ཡལ་འགོ་ཚུགས་ཡོད། གང་ལྟར་བོད་མི་ཚོ་སོ་སོའི་རིག་གཞུང་ལ་དོ་སྣང་མེད་པའམ། ཡང་ན་ཕྱིའི་རིག་གཞུང་དང་གོམས་གཤིས་སོགས་ལ་ཨ་གསར་ཆེ་དྲགས་པའི་སྟབས་ཀྱིས། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་བོད་སྐད་དང་མཉམ་དུ་སྐད་ཡིག་གཞན་པ་འདྲ་མིན་བསྲེས་ན་གཟི་བརྗིད་དུ་རློམ་མཁན་དང་། སོ་སོའི་རིག་གཞུང་རྒྱུད་འཛིན་བྱེད་པར་རྗེས་ལུས་ཀྱི་འདུ་ཤེས་འཛིན་མཁན་དང་། ད་དུང་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་དོན་དུ་གཉེར་བ་ཡིན་ན། མི་ཚེའི་ལམ་ཁ་འགག་འགྲོ་བ་ལྟ་བུའི་བསམ་ཚུལ་ཞིག་ནད་ཡམས་བཞིན་བོད་མི་འདུས་སྡོད་ཀྱི་ཁོར་ཡུག་ཀུན་ལ་ཁྱབ་པས། བོད་ཀྱི་རིག་གཞུང་གི་མདུན་ལམ་སྔར་ལས་ཇེ་ཆུང་དུ་ཕྱིན་ཏེ། བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་ཤེས་ཡོན་དོན་གཉེར་ཅན་དང་། འབྲེལ་ཡོད་དགེ་རྒན་ལས་བྱེད། སྤྱི་ཚོགས་ཞབས་ཞུ་བ་སུ་ཡིན་རུང་། ར་མ་ལུག་གི་སྐད་ཡིག་ཅིག་ལས། རང་སྐད་གཙང་མ་བཤད་ཐུབ་མཁན་ཧ་ཅང་ཉུང་དུ་ཕྱིན་ཡོད་ལ། བོད་སྐད་བཤད་ཀྱང་ཕན་ཚུན་ལ་གོ་བརྡ་འཕྲོད་དཀའ་བའི་གནས་བབ་ཅིག་ལ་སླེབས་ཡོད། ད་དུང་ཡིད་ཕངས་བ་ཞིག་ལ། གཞིས་ལུས་སྤྱི་ཚོགས་ནང་དུ་རང་གི་རིག་གཞུང་ལ་བདག་གཅེས་བྱེད་མཁན་གྲོང་གསེབ་ཁག་གི་བོད་མི་ལྷག་བསམ་ཅན་ཁ་ཤས་ཆགས་ཡོད་ལ། དེ་བཞིན་བཙན་བྱོལ་ནང་དུའང་བོད་ཀྱི་རིག་གཞུང་ལ་དོ་སྣང་དང་མཐོང་ཆེན་བྱེད་མཁན་བོད་ནས་གསར་དུ་འབྱོར་བའི་བོད་མི་ཁག་ཅིག་ལ་ཐུག་པའི་ཆེས་ཐབས་སྡུག་གི་གནས་སྟངས་ཤིག་ལ་སླེབས་ཡོད། འདི་ལྟར་ཞིབ་ཚགས་པོའི་སྒོ་ནས་རྟོགས་གཞིགས་རེ་བྱེད་དུས། བོད་ཀྱི་རིག་གཞུང་གི་ཉམས་རྒུད་ནི་ཕྱི་རོལ་གྱི་ཤུགས་རྐྱེན་ཁོ་ནའི་དབང་གིས་མ་ཡིན་པར། བོད་མི་རང་ཉིད་ཀྱི་བག་ཡངས་དང་སྣང་ཆུང་གི་གཤིས་སྤྱོད་ལ་བརྟེན་ནས་སོ་སོའི་རིག་གཞུང་ལ་བཅངས་བའི་བཅོས་མིན་གྱི་བརྩེ་བ་དེ་ཉིད་བརླགས་པ་ལ་བརྟེན་ནས་འབྱུང་གི་མི་འདུག་གམ། དེར་བརྟེན། བོད་མི་ཞིག་ལ་ཆ་མཚོན་ན། དངོས་ཡོད་གནས་སྟངས་འདི་ཤེས་རྟོགས་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེ་ལ། ཡང་གཅིག་བཤད་ན། དེ་ནི་ང་ཚོས་ངེས་པར་དུ་སེམས་ལ་ཉར་དགོས་རྒྱུ་ནི་འོས་འགན་རང་བཞིན་གྱི་དོན་གནད་གལ་ཆེན་ཞིག་ཀྱང་རེད་སྙམ།
རིག་གཞུང་རྒྱུད་འཛིན་དང་དེང་རབས་ཅན་དུ་བསྒྱུར་དགོས།
རིག་གཞུང་ནི་མི་རིགས་ཤིག་གི་ཐུན་མིན་གྱི་ཁྱད་ནོར་དང་བློ་གྲོས་ཀྱི་ཉིང་བཅུད་ཡིན་ལ། མི་རིགས་དེ་ཉིད་འཕེལ་རྒྱས་དང་ཡར་ཐོན་རང་བཞིན་ཅན་དུ་བསྒྱུར་བྱེད་ཀྱི་ཆེས་རྩ་བའི་མ་ལག་ཅིག་ཆགས་ཡོད།རང་ཅག་བོད་ལ་མཚོན་ན། སྔོན་བྱོན་མེས་དབོན་རྣམ་གསུམ་དང་འཕགས་བོད་ལོ་པཎ་དག་གིས་བཀའ་དྲིན་ལ་བརྟེན་ནས་ཕྱི་རོལ་གྱི་རིག་གཞུང་གང་མང་ནང་འདྲེན་བྱེད་ཐུབ་ཡོད་ལ། རྒྱུ་རྐྱེན་དེའི་དབང་གིས་ད་གཟོད་ང་ཚོ་ལ་མི་རིགས་གཞན་གྱི་མདུན་ནས་ངོམ་ཆོག་ཆོག་དང་མགོ་བོ་དགྱེ་ཆོག་ཆོག་གི་རིག་གཞུང་ཁྱད་དུ་འཕགས་པ་ཞིག་འདི་ཡོད་པ་རེད། ཡིན་ཡང་། བར་སྐབས་ཀྱི་དུས་རིམ་ནང་དུ། གཅིག་ནས་རྒྱའི་བཙན་འཛུལ་གྱི་ཉེར་ལེན་དང་། གཉིས་ནས་བོད་མི་རང་ཉིད་ངོས་ནས་སོ་སོའི་རིག་གཞུང་ལ་དོ་སྣང་དང་བདག་གཅེས་མ་བྱས་པའི་རྒྱུ་མཚན་གྱིས་ལོ་ངོ་ཆོག་སྟོང་སུམ་བརྒྱ་ལྷག་གི་རིང་དུ་སྲུང་སྐྱོབ་དང་བརྒྱུད་སྤྲོད་ཐུབ་པའི་རིག་གཞུང་ཕུན་སུམ་ཚོགས་པ་ཞིག་ད་ཆ་མི་ལྔ་བཅུའི་མཚམས་སུ་ཉམས་དམས་ནས་རྩ་མེད་དུ་འགྲོ་བའི་སྟ་གོན་བྱེད་བཞིན་ཡོད་པ་རེད། དེ་བས་ང་ཚོས་ཉེན་ཁ་འདི་དག་སྣང་མེད་དུ་བཞག་ནས་ད་དུང་མུ་མཐུད་དུ་སོ་སོའི་རིག་གཞུང་ལ་སྲུང་སྐྱོབ་དང་འགན་ལེན་མ་བྱས་པར། མི་རིགས་གཞན་ཞིག་གིས་སྐད་ཡིག་གཙོ་བྱས་པའི་རིག་གཞུང་དང་གོམས་གཤིས་སོགས་ལ་འགྲམ་ཆུ་ལྡང་བ་དང་ལད་ཟློས་རྐྱང་རྐྱང་བྱས་ནས་བསྡད་པ་ཡིན་ན། བོད་མི་རིགས་ཀྱི་ཚེ་སྲོག་དེ་རྩ་མགོའི་ཟིལ་བ་དང་། རླུང་ཁའི་མར་མེ་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ལས། ཡར་རྒྱས་དང་གོང་འཕེལ་གྱི་རེ་བ་ནམ་ཡང་མེད། དེ་ཡང་མི་རིགས་འདིའི་བླ་སྲོག་ཏུ་གྱུར་བའི་རིག་གཞུང་དེ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་ཟེར་ན། ཁ་བཤད་ཀྱི་སྟོང་གཏམ་ཙམ་མ་ཡིན་པར། ངེས་དོན་གྱི་ལག་ལེན་སྒང་ལ་ཞུགས་ཏེ། བོད་མིའི་རིག་གཞུང་དང་དངོས་ཡོད་སྤྱི་ཚོགས་གཉིས་ཀྱི་ཁ་ཐག་ཉེ་རུ་བཏང་སྟེ་ཤེས་ཡོན་པའི་དཔུང་སྡེ་གང་མང་གསོ་སྐྱོང་བྱེད་དགོས་ལ། གཞི་རིམ་གྱི་སྤྱི་ཚོགས་ཁྲོད་དུ་འཚར་ལོངས་འབྱུང་བཞིན་པའི་གཞོན་སྐྱེས་དག་གི་བསམ་བློའི་ཁྱབ་ཁོངས་ལ་མི་རིགས་རིང་ལུགས་ཀྱི་ལྟ་སྤྱོད་ཡང་ཡང་སྤེལ་ཏེ། སོ་སོའི་རིག་གཞུང་དང་སྐད་ཡིག་སོགས་ལ་ཞེན་ཁོག་དང་བརྩེ་བ་ཆགས་ཏུ་འཇུག་དགོས།
རིག་གཞུང་སྲུང་སྐྱོབ་དེ་ཆབ་སྲིད་ཀྱི་འཐབ་རྩོད་བཞིན་དམག་འཁྲུག་བརྒྱབ་ཏེ་ཕན་ཐོགས་པ་ཞིག་མ་ཡིན་པར། ཉིན་རྒྱུན་འཚོ་བའི་ཁྲོད་དུ་བེད་སྤྱོད་གང་མང་བྱེད་དགོས་པའི་ལས་དོན་གལ་ཆེན་ཞིག་ཡིན་སྟབས། རིག་གཞུང་སྲུང་སྐྱོབ་ཟེར་དུས། གཙུག་ལག་ཁང་ཆེན་པོ་ཞིག་གི་ནང་དུ་གཞུང་ཆེན་ཁག་གི་པོ་ཏི་རྫིག་པོ་རེ་བརྩིགས་པ་མ་ཡིན་པར། སོ་སོའི་རིག་གཞུང་ལ་དང་དོད་ཡོད་པའི་སྒོ་ནས་བེད་སྤྱོད་གང་མང་བྱས་ཏེ། སོ་སོའི་རིག་གཞུང་ལ་ཚེ་སྲོག་དང་སྟོབས་ཤུགས་སྦྱིན་རྒྱུ་དེ་རེད། ལྷག་པར་དུ་ང་ཚོར་མཚོན་ན། དུས་རབས་གསར་རྙིང་དང་། ལྟ་བ་གསར་རྙིང་གི་སོ་མཚམས་སུ་འགྲེངས་བའི་མི་རབས་ཤ་སྟག་ཡིན་སྟབས། མི་རབས་གཞན་དག་ལས་ཀྱང་ང་ཚོར་ལས་འགན་ཧ་ཅང་ལྕི་བོ་ཡོད་པ་ཚོར་དགོས་ལ། སྐབས་བབ་ཀྱི་སྤྱི་ཚོགས་དང་གནས་བབ་ལ་གཞིགས་པའི་སྒོ་ནས། ཨུ་ཚུགས་ཀྱི་ལྟ་བ་གཅིག་པུ་མཁྲེགས་འཛིན་བྱེད་པ་མ་ཡིན་པར། འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་གཞི་ལ་བཞག་ཏེ། ལེགས་ཉེས་བླང་དོར་གྱི་མིག་ཟུང་ཡངས་པོར་བགྲད་པའི་ཐོག་ནས། དེང་རབས་དང་མཐུན་པའི་ཐ་སྙད་གསར་བ། སྔར་མེད་ཚན་རིག་གི་མིང་བརྡ་གསར་བ། གཅིག་གྱུར་རིང་བཞིན་གྱི་སྐད་ཡིག་སོགས་གསར་བཟོ་བྱེད་དགོས་ལ། སྙིགས་དོར་བཅུད་ལེན་གྱི་རྩ་དོན་རྨང་གཞིར་བཞག་ནས། རང་གི་རིག་གཞུང་དེ་དེང་རབས་ཀྱི་་ཚན་རིག་རང་བཞིན་དང་། གློག་འཕྲུལ་གྱི་ངོ་བོ་ཅན་དུ་བསྒྱུར་ཏེ་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་དགོས། དཔེར་ན། འཕྲུལ་ཆས་རང་བཞིན་གྱི་གསོ་དཔྱད་དང་། གནམ་རིག་སྐར་རྩིས། དངོས་ཡོད་དང་དེང་རབས་སྤྱི་ཚོགས་ཀྱི་སེམས་ཁམས་གཙོར་བཟུང་གི་ཟློས་གར་དང་སྙན་ངག ལོ་རྒྱུས་དང་དཔལ་འབྱོར། ཁྲིམས་ལུགས་སོགས་མདོར་ན། སྤྱི་ཚོགས་འདིའི་ཉིན་རེའི་འཚོ་བའི་ནང་གི་དགོས་མཁོ་ཚང་མ་རང་གི་རིག་གཞུང་ཁོ་ནས་སྐོང་ཐུབ་པའི་གཅིག་ཤེས་ཀུན་གྲོལ་གྱི་མན་ངག་རྩ་དོན་དུ་འཛིན་དགོས། དེ་ལྟར་བྱས་ན། ད་གཟོད་ང་ཚོའི་རིག་གཞུང་དེ་དེང་རབས་རང་བཞིན་དང་། སྤྱི་ཚོགས་རང་བཞིན་ཅན་དུ་འགྱུར་ཐུབ་ལ། རིག་གཞུང་རང་ཉིད་ཀྱི་སྤུས་ཚད་མ་ལག་ཆ་ཚང་དུ་གྱུར་ནས། འཛམ་གླིང་རང་བཞིན་གྱི་རིག་གནས་གཞན་དང་འདྲ་བར་སྤྱི་ཚོགས་ཁྲོད་དུ་འཕེལ་རྒྱས་འགྲོ་བའི་རྨང་གཞི་སྲ་བརྟན་དུ་ཚུགས་ཐུབ་པ་ཡིན་ནོ།།
མིག་སྔའི་ཆབ་སྲིད་གནས་བབ་ཤེས་རྟོགས་ཐུབ་དགོས།
རྒྱ་འདྲེ་དམར་པོའི་ཇག་ཚོགས་ཀྱི་དཔུང་འཇུག་ཆེན་མོ་དེ་བོད་ལ་ཕྱོགས་དུས། བོད་ལྗོངས་བཅིངས་འགྲོལ་ཞེས་པའི་མིང་བྱང་སྙན་མོ་ཞིག་ཀྱང་ཁུར་ཡོང་བ་རེད། བོད་མི་ཚོར་མཚོན་ནའང་ཆབ་སྲིད་བསམ་བློའི་གོ་རྟོགས་དམའ་དྲགས་པའི་དབང་གིས་རྒྱ་མིའི་ཆབ་སྲིད་ཀྱི་ངན་ཇུས་དང་དེའི་རྒྱབ་ལྗོངས་ངོ་མ་གང་ཡིན་ཧ་མ་གོ་བར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་བྱས་ཡོད། ཡིན་ཡང་། མཐའ་མར་བེམ་རོ་དང་ཁྲག་དྲོན་གྱི་ཀློང་ནས་བོད་ཆོལ་གསུམ་ཡོངས་རྫོགས་དབང་སྒྱུར་བྱས་ཏེ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དམ་པ་དེ་ཡང་འུ་ཐུག་གི་གནས་སྟངས་འོག་མི་ཡུལ་ལ་སྐྱབས་བཅོལ་ལ་ཕེབས་དགོས་བྱུང་དུས། ང་ཚོས་ད་གཟོད་རང་ཉིད་རྒྱ་མིའི་ཆབ་སྲིད་ཀྱི་གཡོ་འོག་ཏུ་ཚུད་དེ་ཕམ་ཉེས་བྱུང་ཡོད་པ་ཚོར།
འདས་ཟིན་པའི་མི་ལོ་ལྔ་བཅུའི་ལྷག་གི་ལོ་ཟླའི་ཁུགས་སོ་རུ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། ང་ཚོའི་གཞུང་དམངས་གཉིས་ཀྱི་ངོས་ནས་རྒྱ་ནག་ཕྱོགས་སུ་གང་ཐུབ་ཐུབ་ཀྱིས་བསྟུན་མཁས་བྱས་ཤིང་། ཕྱི་འབྲེལ་གྱི་ཐོག་ནས་ཀྱང་ལས་འགུལ་འདྲ་མིན་སྤེལ་བ་ལ་བརྟེན་ནས་བོད་རྒྱའི་འབྲེལ་ལམ་གྱི་སྒོ་མོ་ཕྱེས་པ་དང་། བོད་ཀྱི་གནད་དོན་རྒྱལ་སྤྱིའི་རང་བཞིན་ཅན་དུ་གྱུར་བ་སོགས་གྲུབ་འབྲས་གང་འཚམས་ཤིག་སྨིན་ཡོད།
ཡིན་ཡང་། བོད་རེ་བས་ཕོངས་ཞེས་པ་ལྟར། གཞན་རྟེན་རིང་ལུགས་ཀྱི་གཤིས་སྤྱོད་ངན་པའི་བག་ཆགས་མཐུག་པ་དེ་དབང་གིས། རང་རང་སོ་སོའི་འཐབ་རྩོད་ཀྱི་ནུས་ཤུགས་བེད་སྤྱད་དེ་རང་དབང་རྩོད་ལེན་བྱེད་རྒྱུ་ལས། གཞན་གྱི་རོགས་སྐྱོར་ཁོ་ན་ལ་རེ་ལྟོས་བྱེད་པ་དང་། གཞུང་ཞབས་ཀྱི་མི་སྣ་དང་། མཐོ་རིམ་དཔོན་རིགས་ཚོར་མཚོན་ན། སོ་སོའི་སྐབས་བབ་ཀྱི་ལས་དོན་སྒང་ལ་ནུས་པ་བསྐྱོན་རྒྱུ་ལས། ཁོང་ཚོའི་རྐང་པ་གཉིས་པོ་དབང་ཐང་དང་དཔལ་འབྱོར་གྱི་ལམ་གཉིས་ཀྱི་སྣེ་མོར་གཞི་རྐང་འཛུགས་བཞིན་ཡོད་ལ། གཞི་རིམ་མང་ཚོགས་ཚོར་མཚོན་ན་ནུབ་གླིང་གི་དག་ཞིང་ཆེད་རང་ཉིད་ཀྱི་ལུས་སེམས་གཉིས་ཀ་གཏའ་མར་འཇོག་པ་སོགས་མདོར་ན། སྒེར་དོན་རྐྱང་རྐྱང་གི་ཐོང་ཀ་ནས། བོད་མིའི་རང་དབང་གི་འཐབ་རྩོད་དེ་ཨ་རི་གཙོ་བྱས་པའི་སྟོབས་ལྡན་རྒྱལ་ཁབ་དག་གིས་ལེགས་སྐྱེས་ཤིག་གི་ཚུལ་དུ་བསྣམ་ཡོང་གི་རེད་སྙམ་པའི་རེ་བཞག་ཁྲི་ཕྲག་གི་ཀློང་ནས་ཉིན་ཞག་རེ་རེ་དོན་མེད་དུ་བསྐྱལ་བཞིན་ཡོད་པ་རེད། བསམ་གཞིགས་ཤིག་བྱོས་དང་། སྤྲོ་སྣང་དང་དྲོད་ཁོལ་མེད་པའི་ལོ་ཟླ་འདི་དག་གི་ཁྲོད་དུ་ང་ཚོར་ཅི་ཞིག་འཐོབ་མྱོང་།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོ་བྱས་པའི་ཚོགས་པ་གང་མང་ཞིག་གི་ངོས་ནས་བོད་དོན་ཐད་གྲོས་ཆོད་ཐེངས་ག་ཚོད་བཞག་མྱོང་ལ། གྲོས་ཆོད་དེ་དག་དོན་ངོ་མའི་ལག་ལེན་ཐོག་ལ་ག་ཚོད་བསྟར་མྱོང་།[2] དྲི་བ་འདི་དག་ང་ཚོར་མཚོན་ན། གལ་ཆེའི་རང་བཞིན་གྱི་དྲི་བ་རྐྱང་རྐྱང་ཆགས་ཡོད། ཨ་རི་གཙོའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་ཁེ་ཕན་དང་། ཆབ་སྲིད་ཀྱི་དགོས་མཁོ་གང་མང་ལ་གཞིགས་ཏེ། རང་ཅག་བོད་ཀྱི་རྩ་དོན་ལ་རྩེད་མོ་ཐེངས་ག་ཚོད་རྩེས་སོང་། དོན་ངོ་མའི་ཐོག་ཏུ་བོད་དོན་དེ་རྒྱ་ནག་དང་སྟོབས་ཅན་རྒྱལ་ཁབ་ཁག་གི་བར་ན་ངེས་མེད་ཀྱི་རྡོག་རྒྱག་ཐེབས་པའི་རྐང་རྩེད་སྤོ་ལོ་ཞིག་དང་འདྲ་ཨང་།
ལྷག་པར་ཉེ་ལམ་རྒྱ་ནག་གཞུང་གི་ངོས་ནས་ཁོ་ཚོའི་ཆབ་སྲིད་ཀྱི་དགོས་མཁོ་སྐོང་ཕྱིར་བོད་གཞུང་དང་མཉམ་དུ་གྲོས་མོལ་བྱེད་འདོད་ཀྱི་རྣམ་འགྱུར་ཅིག་བསྟན་ཞིང་།[3] འཛམ་གླིང་མི་དམངས་ཀྱི་མིག་མདུན་ནས་ཡང་བསྐྱར་གཡོ་རྫུན་གྱི་གཏམ་བརྗོད་གསར་བ་ཞིག་འཁྲབ་འགོ་ཚུགས་ཡོད་པ་རེད། འདི་ལྟར་ཞིབ་ཚགས་པོའི་སྒོ་ནས་ཉམས་ཞིབ་ཅིག་བྱས་པ་ཡིན་ན། བོད་གཞུང་གི་སྐུ་ཚབ་ཚོ་རྒྱ་ནག་པེ་ཅིན་ལ་གྲོས་མོལ་བྱེད་པར་ཕེབས་ཐེངས་རེ་རེར་རེ་བ་ཆེན་པོ་ཞིག་བཅངས་ཏེ་ཕེབས་ཡོད་ནའང་། རྒྱ་ནག་ངོས་ནས་ཁོང་ཚོ་གཞུང་གི་སྐུ་ཚབ་ཅིག་ལ་ངོས་འཛིན་བྱས་མེད་པ་མ་ཟད། སྔར་ཡོད་ཀྱི་རེ་འདུན་ཁག་ལ་འགྱུར་བ་ཕྲན་ཙམ་ཡང་བཏང་མེད། ལྷག་པར་དུ། ང་ཚོའི་ངོས་ནས་རྒྱ་ནག་ལ་གུ་ཡངས་ཀྱི་རྣམ་འགྱུར་བསྟན་ཡང་།་རྒྱ་གཞུང་གི་རྣམ་འགྱུར་ཇེ་མཁྲེགས་ནས་ཇེ་མཁྲེགས་ཏུ་གྱུར་ཡོད། དཔེར་ན། བོད་གཞུང་གི་ཆབ་སྲིད་ཀྱི་དམིགས་ཡུལ་དེ་རང་བཙན་ནས་རང་སྲིད་རང་སྐྱོང་དུ་བསྒྱུར་བ་དང་། གསུམ་བཅུའི་དུས་དྲན་གྱི་ངོ་རྒོལ་སྐད་འབོད་མི་བྱེད་པ། ད་དུང་མིང་ཚིག་ཆེན་པོ་དྲུག་སོགས་བསྒྱུར་བཅོས་བྱས་ཡོད་ནའང་། རྒྱ་ནག་ངོས་ནས་མུ་མཐུད་དུ་༧གོང་ས་མཆོག་ལ་མཚན་དམས་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ་བོད་ཀྱི་ས་ཆ་གང་སར་བོད་མི་གང་བྱུང་འཛིན་བཟུང་དང་བཙོན་འཇུག་བྱས་དང་བྱེད་མུས་ཡིན། གནད་དོན་འདི་དག་ལ་གཞིགས་ན། ང་ཚོས་ད་གཟོད་རྒྱ་ནག་གཞུང་ངོས་ནས་༧གོང་ས་མཆོག་གི་དགུང་ལོ་ནར་འགྱངས་ལ་རེ་སྒུག་བྱེད་པ་ལས། ལྷག་བསམ་རྣམ་དག་གི་ཐོག་ནས་གྲོས་མོལ་བྱེད་འདོད་ཀྱི་ཕུགས་འདུན་གང་ཡང་མེད་པ་གསལ་གྲོལ་བྱེད་ཐུབ། ཡིན་ཡང་བོད་ཀྱི་གཞུང་དམངས་ཚོར་མཚོན་ན། ད་ལྟའི་ཛ་དྲག་གི་གནས་བབ་དེ་ཧ་མ་གོ་བར་བག་འཁུམ་དང་སྒྱིད་ལུག་གི་རྨི་ལམ་སྟུག་པོའི་ཁྲོད་དུ་རེ་བཞག་རི་འདྲ་བ་ཞིག་འཁུར་ནས། རང་དོན་རྐྱང་རྐྱང་གི་ཕྱོགས་སུ་འདུར་རྒྱུག་བྱེད་བཞིན་ཡོད་པ་རེད། འདི་ནི་བོད་མི་ཚོའི་ཅོལ་ཆུང་གི་བྱེད་སྟངས་དམར་རྗེན་དེ་ཡིན་ལ། བོད་ཀྱི་མིག་སྔའི་ཆབ་སྲིད་ཀྱི་གནས་བབ་ངོ་མ་དེ་ཡང་རེད་སྙམ།
ཕྱིའི་གཏོར་བཅོམ་ལ་འགོག་རྒོལ་བྱེད་དགོས།
གཏོར་བཅོམ་གྱི་རིགས་ག་འདྲ་ཞིག་ཡིན་ཡང་དེར་ངོ་རྒོལ་དང་བཀག་འགོག་བྱེད་པ་ལ་ཐོག་མར། གཏོར་བཅོམ་དེའི་མཐར་ཐུག་གི་དམིགས་ཡུལ་དང་རྒྱབ་ལྗོངས། དེས་ང་ཚོར་ཐེབས་པའི་གནོད་སྐྱོན་ཁག་ངོ་ཤེས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་གོང་དུ་བརྗོད་ཟིན་པའི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ཐབས་ཇུས་དེ་དག་གི་ཤུགས་རྐྱེན་ངན་པ་ལ་བརྟེན་ནས། བོད་ཀྱི་ཆོས་དང་། རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ལ་བློ་ཡུལ་ལས་འགོངས་པའི་གཏོར་བཅོམ་རྒྱ་ཆེར་ཐེབས་ཡོད། ཡིན་ཡང་། མངོན་སུམ་དང་མངོན་སུམ་མ་ཡིན་པའི་གནོད་སྐྱོན་དང་གཏོར་བཅོམ་དེ་རིགས་རྟོགས་མཁན་བོད་ནང་གི་བླ་སྤྲུལ་དང་ཤེས་ལྡན་མི་སྣ་ཁ་ཤས་ཤིག་ལས། གཞི་རིམ་མང་ཚོགས་ཀྱི་ཁྲོད་ན་གནད་དོན་དེ་དག་རྟོགས་མཁན་ཧ་ཅང་ཉུང་ཉུང་ཡིན། དེར་བརྟེན། བཙན་བྱོལ་ནང་གི་བོད་མི་ཚོའི་ལས་འགན་ནི་རྒྱལ་སྤྱིའི་ནང་གི་ཆབ་སྲིད་ཀྱི་ལས་འགུལ་ཁག་གཞི་རྒྱ་ཆེ་རུ་བཏང་སྟེ། རྔམ་སྟོན་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་མུ་མཐུད་ནས་བྱས་ཐོག་་ལས་འགུལ་གྱི་ཁ་ཕྱོགས་དེ་ཕྱི་རྒྱལ་ཡུལ་གྲུ་གཅིག་པུ་མ་ཡིན་པར་གཙོ་བོ་བོད་ནང་དུ་བསྒྱུར་དགོས་ལ། བོད་མིའི་སེམས་ཁམས་དང་བོད་ཀྱི་དངོས་ཡོད་སྤྱི་ཚོགས་ཁྲོད་དུ་གོ་གནས་མཐོ་བའི་བླ་མ་དང་སྤྲུལ་སྐུ། དེ་བཞིན་སོ་སོའི་མི་རིགས་དང་རྒྱལ་ཁབ་ལ་ལར་ཞེར་ཡོད་པའི་མཐོ་རིམ་ཤེས་ལྡན་མི་སྣ་དང་། འབྲེལ་ཡོད་ལས་བྱེད་སོགས་ལ་འབྲེལ་བ་བྱས་པའི་ཐོག་ནས་རང་ཅག་བོད་ཀྱི་ཆབ་སྲིད་ཀྱི་དངོས་ཡོད་ཀྱི་གནས་ཚུལ་ཁག་དང་། བོད་ཀྱི་རྒྱལ་ཞེན་རིང་ལུགས་ཀྱི་སློབ་གསོ། མི་རིགས་རིང་ལུགས་ཀྱི་ལྟ་ཕྱོགས། ད་དུང་ཆབ་སྲིད་ཀྱི་རྒྱབ་ལྗོངས་དང་། འདས་ཟིན་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་དུ་ང་ཚོར་ཐེབས་པའི་གནོད་སྐྱོན་དང་གྱོང་གུད་སོགས་ངོ་སྤྲོད་བྱས་པ་བརྒྱུད་ནས་བོད་ནང་གི་རྒྱ་ཆེའི་མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་འདྲ་མིན་སྤེལ་ཐུབ་པ་བྱེད་དགོས། ཡིན་ཡང་ཆབ་སྲིད་ཀྱི་ལས་འགུལ་དེ་རིགས་ཕྱོགས་ཡོངས་ནས་རྒྱ་མིའི་ཆབ་སྲིད་ཀྱི་ལྟ་རྟོག་འོག་་ཆོས་ལུགས་ཀྱི་རྣམ་པའི་ཐོག་སྤེལ་དགོས་ལ། ཆོས་རྗེ་འཇིགས་མེད་ཕུན་ཚོགས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སོགས་ནི་ལས་འགུལ་རིགས་འདི་ལྟ་བུའི་ཁྲོད་ཀྱི་ལས་འགུལ་མི་སྣ་ཡག་ཤོས་ཁག་ཡིན། འདི་ལྟར་ཆབ་སྲིད་ལས་འགུལ་ཡིན་ཡང་། རྣམ་པ་མ་འདྲ་བའི་ཐོག་ནས་སྤེལ་ཐུབ་ན་གྲུབ་འབྲས་དང་ནུས་པ་ཐོན་པར་ཁྱད་པར་ཆེན་པོ་བཟོ་ཐུབ་སྙམ་ལ། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་བ་ཡིན་ན། འཛམ་གླིང་སྤྱིའི་ཆབ་སྲིད་ཀྱི་འཐབ་རྩོད་ཀྱི་བརྒྱུད་རིམ་དང་། ལྷག་པར་དུ་དེང་གི་ཆབ་སྲིད་གནས་བབ་གང་གི་ཐོག་ནས་བལྟས་ཀྱང་། སྐབས་བབ་ཀྱི་གནས་སྟངས་དང་དགོས་མཁོ་ལ་གཞིགས་པའི་སྒོ་ནས་ཞི་བ་གཅིག་པོ་མི་ཡིན་པར། ཞི་དྲག་ཟུང་འབྲེལ་གྱི་མན་ངག་དང་ཐབས་ལམ་གཞི་ལ་བཞག་སྟེ། ཕན་ནུས་ལྡན་པའི་ཆབ་སྲིད་ཀྱི་ལས་འགུལ་གང་མང་ཕྱོགས་ཡོངས་ནས་ཚ་ཚ་འུར་འུར་ངང་སྤེལ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་པ་འཛམ་གླིང་གི་ཆབ་སྲིད་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ།
དེར་བརྟེན། ང་ཚོས་ངོས་ནས་གཤམ་འཁོད་ཀྱི་ལས་འགུལ་ཁག་རེ་རེ་བཞིན་སྤེལ་ཐུབ་ན། བོད་ཀྱི་ཆབ་སྲིད་ཀྱི་ལས་གཞི་ཐད་ལ་ཕན་ནུས་ཆེན་པོ་ཐོན་ཐུབ།
·
དང་པོ། ཕྱི་སྡོད་བོད་མི་ཚོ་ཕ་ཡུལ་དུ་ལོག་ཏེ། གཞིས་ལུས་རྒྱ་ཆེའི་མང་ཚོགས་ཚོར་ལས་དོན་འདྲ་མིན་གྱི་ཐོག་ནས་རྒྱབ་སྐྱོར་དང་སྣེ་ཁྲིད་དགོས་ལ། བཙན་བྱོལ་ནང་གི་དཔལ་འབྱོར་གྱི་མ་རྩ་བེད་སྤྱད་དེ་བོད་ནང་དུ་ཤེས་ཡོན་གྱི་བསྟི་གནས་དང་། འཕྲོད་བསྟེན་ལྟ་སྐྱོང་ཁང་། བཟོ་གྲྭ མགྲོན་ཁང་སོགས་གསར་རྒྱག་བྱས་ཏེ་གཞི་རིམ་མང་ཚོགས་ཡོངས་རྫོགས་རྒྱ་མི་ལ་བསྟེན་མི་དགོས་པར། རང་རང་གི་ས་ཁུལ་དུ་རང་ཁ་རང་གསོ་དང་རང་གི་རྐང་པའི་སྒང་དུ་རང་ཉིད་ལངས་ཐུབ་པ་ཞིག་བཟོ་དགོས།
·
གཉིས་པ། གཞིས་བཞུགས་བོད་མི་རང་ངོས་ནས་ཚོང་ཟོག་ལས་རིགས་འདྲ་མིན་གཉེར་བའི་ཐོག་རྒྱ་མི་རིགས་ཀྱི་ཟ་ཁང་དང་། ཚོང་ཁང་། སྐྲ་བཞར་སོགས་ལ་འགྲོ་འོང་བྱེད་རྒྱུ་མཚམས་འཇོག་བྱེད་དགོས།[4]
·
གསུམ་པ། གནོད་ཚབས་ཆེ་བའི་ནུབ་བརྒྱུད་ཐོན་འབྱེད་ཆེན་མོའི་ལས་གཞི་ཁྲོད་ཀྱི་ལྕགས་ལམ་འཛུགས་སྐྲུན་དང་། བོད་ཀྱི་གཏེར་ཁ་རིགས་རྒྱ་ནག་ཏུ་དབོར་འདྲེན་བྱེད་པར། དུས་ཚོད་ངེས་མེད་ཐོག་འགས་གཏོར་དང་གནོད་སྐྱོན་ཚབས་ཆེན་གཏོང་དགོས།[5]
·
བཞི་པ། བོད་ཀྱི་ས་ཁུལ་སོ་སོའི་ཉེན་རྟོག་ལས་ཁུངས་དང་། དམག་སྒར། ད་དུང་རྒྱ་ནག་གི་དྲག་ཆས་སྐྱེལ་འདྲེན་རིགས་ལ་གཏོར་བཅོམ་ཡང་ཡང་བྱས་ཏེ། རྒྱ་མི་རིགས་དེ་བོད་དུ་སྡོད་བཟོད་མི་བདེ་བ་ཞིག་བཟོ་དགོས། [6]
·
ལྔ་པ། ཕྱོགས་གཞན་ཞིག་ནས་ང་ཚོས་ད་ལྟའི་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཚོགས་སྡེ་ཁག་ལ་བཟུང་བའི་མཐུན་སྒྲིལ་དེ་བེད་སྤྱད་ནས། རྒྱ་ནག་གི་ཕྱི་འབྲེལ་ཚོང་དོན་དང་སྲིད་ཇུས་སོགས་ལ་གནོན་ཤུགས་སྤྲོད་དགོས་པ་མ་ཟད། བོད་ནང་ཁུལ་གྱི་གཏེར་ཁ་དང་ཐོན་རྫས་དེ་རིགས་ཐད་ཀར་ཕྱི་རྒྱལ་ཁག་ལ་མཁོ་ཚོང་ཐུབ་དགོས།
གོང་འཁོད་ཀྱི་ལས་འགུལ་དེ་དག་བོད་ཀྱི་ཆབ་སྲིད་སྣེ་ཁྲིད་པ་དང་། ཤེས་ལྡན་མི་སྣ་སོགས་གཅིག་པུ་མ་ཡིན་པར། བོད་པ་ཞིག་གི་མཚན་བྱང་ཁུར་བའི་རྩམ་གཟན་པ་ས་ཡ་དྲུག་གི་ཕྲག་སྟེང་དུ་བབས་པའི་ལྗིད་ཏིག་ཏིག་གི་ལས་འགན་ཤ་སྟག་ཡིན་ཙ་ན། ཚང་མས་སོ་སོའི་དྲན་དགོས་པའི་ཕ་ཡུལ་དང་། ཕ་ཡུལ་དེའི་ཆེད་དུ་་བསྒྲུབ་དགོས་པའི་ལས་དོན་གང་ཡིན་ངོ་ཤེས་པའི་ཐོག་ནས་ཚང་མའི་ནུས་སྟོབས་ཕྱོགས་གཅིག་ཏུ་བསྒྲིལ་ཏེ། འཐབ་རྩོད་བྱེད་རྒྱུ་ཧ་ཅང་གལ་ཆེའོ།།
ནང་གི་ཆིག་སྒྲིལ་དང་མཐུན་ལམ་ཡར་རྒྱས་གཏོང་དགོས།
གནའ་མི་བོད་ཀྱི་གཏམ་དཔེ་ལ། ནང་བཀྲ་མི་ཤིས་ན།། ཕྱི་དོན་མི་འགྲུབ།།ཅེས་པ་བཞིན། འཐབ་རྩོད་ཀྱི་རྣམ་པ་འདྲ་མིན་ག་འདྲ་ཞིག་ཡིན་རུང་། དེའི་སྟོབས་ཤུགས་གཙོ་བོ་དེ་ལས་འགུལ་ཁོ་ན་ལ་རག་ལས་པ་མ་ཡིན་པར། གནད་འགག་དེ་ནང་གི་ཆིག་སྒྲིལ་ལ་ཐུག་ཡོད། ནང་གི་ཆིག་སྒྲིལ་དེ་བརླག་པའི་ཉིན་མོ་ནས་རྩ་དོན་མཇུག་རྫོགས་པ་རེད། ཡིན་ཡང་ཆིག་སྒྲིལ་གླེང་དུས་ལག་ལེན་མེད་པའི་ཁ་མཁས་ཀྱི་རོལ་རྩེད་ཙམ་མ་ཡིན་པར། ཆོལ་གསུམ་བོད་མིའི་ངོ་བོ་གཅིག་ཏུ་བསྒྲིལ་བའི་ངེས་དོན་གྱི་མཐུན་སྒྲིལ་ཞིག་དགོས་པ་དེ་ཡིན། དེ་ལྟ་བུའི་མཐུན་སྒྲིལ་ངེས་ཅན་ཞིག་ཡོང་བ་ལ། བོད་མི་རྣམས་ཀྱི་རྩ་བའི་ལྟ་བ་དང་། བསམ་བློའི་ཁ་ཕྱོགས་གཅིག་ཏུ་འདྲེས་དགོས་པ་རེད། དེ་ཡང་བོད་ཀྱི་ལོ་རྒྱུས་ཀྱི་གླེགས་བམ་ངོས་སུ་གཟིགས་པ་ཡིན་ན།
སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།།
སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།།[7] ཞེས་གསལ་བ་ལྟར།
དུས་རབས་བདུན་པའི་སྐབས་སུ། བོད་ཀྱི་ཆབ་སྲིད་དང་། སྟོབས་འབྱོར་མངའ་ཐང་སོགས་ཕྱོགས་གང་ཅིའི་ཐད་ནས་འགྲན་ཟླ་བྲལ་བ་ཞིག་ཡིན་མོད། ཡིན་ཡང་། དུས་འགྱུར་གྱི་ཡོ་ལང་ཁྲོད་ནས་ཆབ་སྲིད་ཀྱི་སྟོབས་ཤུགས་རིམ་བཞིན་ཉམས་རྒུད་དུ་ཕྱིན་ཏེ་བོད་སིལ་བུར་འཐོར་བ་དང་། དེ་བཞིན་ང་ཚོ་ཚང་མ་གཞན་ཡུལ་དུ་གྱར་དགོས་བྱུང་བ་སོགས་མདོར་ན་མཐུན་སྒྲིལ་གྱི་ནུས་ཤུགས་མ་འདང་བའམ། ཡང་ན་ཉམས་རྒུད་དུ་ཕྱིན་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་འདས་པའི་ལོ་རྒྱུས་ཀྱིས་ར་སྤྲོད་བྱེད་ཐུབ། སྐབས་བབ་བོད་ཀྱི་དངོས་ཡོད་སྤྱི་ཚོགས་ལ་དཔྱད་ཞིབ་བྱས་པ་ཡིན་ན། བོད་མི་ཚོས་མཐུན་སྒྲིལ་གྱི་ཁུ་ཚུར་གྱེན་ལ་བསྒྲེངས་ནས་དགྲ་བོར་འཐབ་རྩོད་བྱེད་རྒྱུ་ལས། བོད་ནང་ལ་མཚོན་ན། ས་རྩོད་ཆུ་རྩོད་ཙམ་གྱི་ཕྱིར་དུ་བོད་མི་ཕན་ཚུན་ནང་ཁུལ་ལ་འཁྲུག་འཛིང་དང་དམར་གསོད་གཏོང་རེས་བྱེད་ཀྱི་ཡོད་ལ། དེ་བཞིན་བཙན་བྱོལ་ནང་ལ་ཆ་མཚོན་ན་ཡང་། རང་དབང་གི་འཚོ་བ་དེ་ཉིད་ལོངས་སུ་སྤྱད་དེ། བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་གང་མང་སྤེལ་བའི་ཐོག་ནས་མ་འོངས་པའི་བདེ་སྐྱིད་ཀྱི་ཉི་གཞོན་གསར་བའི་ཕྱོགས་སུ་ཁ་ཐག་ཉེ་རུ་གཏོང་རྒྱུ་ལས། ཆོས་ལུགས་ཀྱི་དབྱེ་འབྱེད་དང་། ཆོལ་ཁའི་འཐེན་འཁྱེར་ཁྲོད་ནས་ཉིན་མ་རེ་རེ་འབུད་རྒྱག་གཏོང་བཞིན་ཡོད་ལ། ཐ་ན་གཞུང་གི་དཔོན་རིགས་ཚོའི་དབར་དུ་རྩོད་རྙོག་གི་རུ་བསྒྲིགས་ནས་སྤྱི་དོན་གྱི་སྣེ་ཐག་རྨང་ནས་བོར་ཡོད་ལ། ཁྱབ་ཆེ་ས་ནས། བོད་ཀྱི་གོང་བུ་གཅིག་སྒྲིལ་ལས་དོན་ཐད་ལ་བཀག་རྒྱ་ཡང་ཡང་བཟོ་གི་ཡོད། དེར་བརྟེན། འདིར་བདག་གིས་ནང་གི་མཐུན་ལམ་དང་ཆིག་སྒྲིལ་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་བསམ་ཚུལ་འགའ་གླེང་བ་ཡིན་ན།
·
དང་པོ། བོད་ཆོལ་ཁ་གསུམ་དུ་ཕྱེས་པ་དེ་སོག་པོའི་རྒྱལ་པོས་ཆབ་སྲིད་ཀྱི་དགོས་མཁོ་དབང་གིས་བཟོས་པ་ཞིག་ཡིན་པ་ངོས་ཟིན་པའི་ཐོག་ནས་ཆོལ་ཁ་སོ་སོ་ཡིན་སྙམ་པའི་རྙིང་ཞེན་གྱི་ལྟ་བ་དེ་རིགས་སྤངས་ཏེ། ཆོལ་ཁའི་དབྱེ་བ་མི་ཕྱེ་བར་མི་རིགས་གཅིག་གི་འདུ་ཤེས་ཀྱི་ངོས་ནས། བོད་མི་དང་པོ་དང་། ལུང་ཚན་བྱེ་བྲག་གཉིས་པར་བརྩིས་ཏེ་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས།
·
གཉིས་པ། ཆོས་ལུགས་ཁག་ཚང་མའི་ཉམས་ལེན་བྱེད་སྟངས་མ་འདྲ་བ་མ་གཏོགས་ཚང་མའི་མཐར་ཐུག་གི་དམིགས་ཡུལ་དེ་ཞི་བདེ་དང་གཞན་ཕན་ཡིན་པའི་ཆ་ནས། [8] ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་གཙོར་བཟུང་ནས། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་དབར་ལ་མཐུན་སྒྲིལ་གྱི་ངོ་བོའི་ཐོག་ནས་མཉམ་གནས་བྱེད་དགོས།
·
གསུམ་པ། གྲྭ་བ་དང་སེར་མོ་བ་སོགས་ཁག་གཉིས་སུ་གྱེས་པའི་འདས་ཟིན་པའི་འགལ་བ་ལྟག་སྤྲོད་ཀྱི་གནོད་སྐྱོན་ངོས་བཟུང་སྟེ། ཕན་ཚུན་ཕྱོགས་གཉིས་ཀྱི་ལྟ་གྲུབ་དང་ཁ་ཕྱོགས་ཡོད་ཚད་ཐུན་མོང་གི་ཕྱོགས་སུ་གོམ་ཁ་སྤོ་དགོས།
·
བཞི་པ། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གཉིས་པོ་ཕན་ཚུན་གཅིག་རྟེན་གཅིག་འབྲེལ་གྱི་རིག་གནས་མ་ལག་ཏུ་ངོས་བཟུང་ནས་སྲོལ་རྒྱུན་དང་དེང་རབས་ཀྱི་རྩོད་སྤོང་ལས་བརྒལ་ནས་གནའ་དེང་ཟུང་འབྲེལ་གྱི་དབུ་མའི་རིག་གཞུང་ལ་ཁ་ཕྱོགས་ཏེ་རིག་གནས་ཀྱི་ཕྱོགས་ཞེན་ཡང་མེད་པར་བཟོ་དགོས།
མདོ་དོན། ཚང་མས་ཆོལ་ཁ་དང་ཆོས་ལུགས་ཀྱི་གྲུབ་མཐའ། ཡང་ན་ལུང་ཚན་མ་འདྲ་བའི་དབང་གིས་ཕྱོགས་ལྷུང་གི་ལྟ་ཚུལ་མི་འཛིན་པར་ཚང་མ་ཤ་རུས་གདུང་རྒྱུད་གཅིག་ལས་མཆེད་པའི་བོད་མི་ཤ་སྟག་དང་༧སྤྱན་རས་གཟིགས་ཀྱི་གདུལ་བྱ་རྐྱང་རྐྱང་ཡིན་པའི་ཆ་ནས། ཕན་ཚུན་དབར་ལ་སྤུན་ཟླའི་འདུ་ཤེས་བཟུང་ཏེ་ཆིག་སྒྲིལ་གྱི་ནུས་པ་སྲ་བརྟན་བཟོ་དགོས། ལྷག་པར་དུ། ང་ཚོ་ནི་ཆབ་སྲིད་ཀྱིས་ཕུང་བའི་མི་རིགས་ཤིག་ཡིན་པ་མ་བརྗེད་པའི་ཐོག་ནས་ཚང་མས་མཐུན་སྒྲིལ་གྱི་ལག་གདེང་གཅིག་ཏུ་སྦྲེལ་ཏེ། སྤྱི་དོན་གྱི་ཕྱོགས་སུ་ནུས་ཤུགས་བསྐྱོན་པ་ཡིན་ན། ད་གཟོད་ང་ཚོའི་མི་རིགས་འདིར་སྔར་མེད་པའི་སྟོབས་ཤུགས་གསར་བ་ཞིག་རྒྱས་ངེས་ལ། ས་ཡ་དྲུག་གི་སེམས་ཁོང་གི་གཏན་གྱི་འདུན་མ་དེ་ཡང་ཅིས་ཀྱང་མགྱོགས་མྱུར་ངང་མངོན་འགྱུར་བྱེད་ཐུབ།
མཇུག་གཏམ་མདོར་བསྡུས་མ།
མི་རིགས་ཤིག་གི་འཐབ་རྩོད་དང་འཐབ་རྩོད་ཅིག་གི་རྒྱབ་ལྗོངས་བསམས་ཏེ། རྒྱུས་མེད་ཀྱི་ཡུལ་གྲུ་འདིར་མི་རིགས་འདིའི་མ་འོངས་པའི་ཕྱིར་དུ་རང་ནུས་གང་ཡོད་ཀྱིས་ངལ་བ་དང་ལེན་བྱས་མྱོང་། ཡིན་ཡང་སྒེར་གྱི་ཁེ་ཕན་གྱི་སླད་དུ་གཞུང་གི་ལས་དོན་ལ་ཕོག་ཐུག་གཏོང་མཁན་དང་། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་བཟུང་ཏེ་ནང་གི་ཆིག་སྒྲིལ་ལ་གཏོར་བཤིག་གཏོང་མཁན། ལྷག་པར་དུ་༧་གོང་ས་མཆོག་གི་རུམ་ཁུག་ནས་ལྐོག་ཟ་དང་རྐུན་འཕྲོག་བྱེད་མཁན་གྱི་རུལ་སུངས་བ་དེ་དག་མཐོང་ཐེངས་རེར། བདག་གི་སེམས་ལ་གྲང་འདར་ཡང་ཡང་བརྒྱབ་མྱོང་ལ། འདི་ལྟར་ཡལ་བཞིན་པའི་བོད་དོན་དང་། རྒུད་བཞིན་པའི་རིག་གཞུང་། འཆི་བཞིན་པའི་ངའི་གསེར་མདོག་གི་ཕ་ས། འདི་ལྟར་རྒས་བཞིན་པའི་ངའི་སེམས་ནང་གི་༧རྩ་བའི་བླ་མ་ཡིད་བཞིན་ནོར་བུ་སོགས་དྲན་ཐེངས་རེ་རེར། ངའི་སེམས་པ་འདི་གཏན་ནས་བདེ་ལ་བབས་མ་མྱོང་།
གང་ལྟར་བོད་མི་ཚོ། ང་ཚོས་ལྷོད་སྡོད་རིང་ལུགས་དང་། གཞན་རྟེན་རིང་ལུགས་ཀྱི་གཤིས་སྤྱོད་དེ་ཁུར་ནས་མི་ལོ་འདི་འདྲ་མང་པོ་ཞིག་གི་རིང་ལ་མི་རིགས་གཞན་དག་ལ་སྐྱབས་བཅོལ་ནས་བསྡད་པ་རེད། ཡིན་ཡང་ང་ཚོར་ཅི་ཞིག་ཐོབ་སོང་། ང་ཚོས་ཤེས་དགོས་པ་ཞིག་ལ། མི་རིགས་འདིའི་ཟུངས་ཁྲག་གི་དྭངས་མ་ཁུར་བའི་གང་ཟག་རེ་རེ་ནི་བོད་དོན་གྱི་ལས་འགུལ་གང་མང་རྩོམ་པའི་འཐབ་རྩོད་པ་རེ་རེ་ཡིན་པས། སོ་སོས་བསྒྲུབ་དགོས་པའི་ལས་དོན་ངོ་མ་གང་ཡིན་ངོ་འཕྲོད་དགོས་ལ། སྤྱི་ཡོངས་ཀྱི་ཆ་ནས་བོད་མི་ཡོངས་རྫོགས་ཀྱིས་གཞན་རྟེན་རིང་ལུགས་ཀྱི་གཤིས་སྤྱོད་དྲི་མ་ཅན་དེ་སྤངས་ནས། སོ་སོར་ཤེས་ཡོན་གྱི་ནུས་སྟོབས་དང་། ཆབ་སྲིད་ཀྱི་ནུས་སྟོབས། མཐུན་སྒྲིལ་ཀྱི་ནུས་སྟོབས་སོགས། ནུས་སྟོབས་ཆེན་པོ་གསུམ་པོ་དེའི་ཁ་ཕྱོགས་ཐུན་མོང་གི་ཕྱོགས་སུ་བསྐྱོད་ཐུབ་པ་བྱས་ཏེ། བོད་མིའི་རང་དབང་གི་ལས་དོན་ཆེད་དུ་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་འདོན་རྒྱུ་ནི་དུས་རབས་ཀྱིས་ང་ཚོར་སྤྲད་པའི་ལས་འགན་དེ་ཡིན་ལ། བདག་གི་དཔྱད་བརྗོད་འདིའི་ཆེས་མཐར་ཐུག་གི་རེ་བའང་ཡིན།
[1] མི་རིགས་མཉམ་འགྱུར་ནི་མི་རིགས་ཤིག་གི་ངོ་བོ་མི་རིགས་གཞན་ཞིག་ཏུ་འགྱུར་འགྲོ་བ་ལ་གོ་ཞིང་རྒྱ་སྐད་དུ་民族同化 ཟེར།
[2] དཔེརན། ཡོ་རོབ་གྲོས་ཚོགས་ཀྱིས་༢༠༠༡-༢༠༠༢་མཚམས་སུ་རྒྱ་ནག་གིས་ཏཱ་ལའི་བླ་མ་དང་མཉམ་དུ་གྲོས་མོལ་མ་བྱས་ཚེ། བཙན་བྱོལ་བོད་གཞུང་དེ་ཁྲིམས་མཐུན་གྱི་གཞུང་ཞིག་ལ་ངོས་འཛིན་བྱེད་རྒྱུའི་གྲོས་ཆོད་བཞག་གོ།
[3] ༢༠༠༢་ལོར། རྒྱ་ནག་གཞུང་གིས་གྲོས་མོལ་བྱེད་འདོད་ཀྱི་རྣམ་འགྱུར་བསྟན་ཡང་། གཞི་རྩའི་ཆ་རྐྱེན་ལ་འགྱུར་བ་གང་ཡང་བཏང་མེད།
[4] ལས་འགུལ་འདི་རིགས་སྐབས་བབ་སུ་གྲུབ་འབྲས་དེ་འདྲ་མེད་པ་ལྟ་བུ་ཞིག་ཏུ་སྣང་ཡང་། ཕུགས་རྒྱང་རིང་པོའི་ཐོག་ནས་གླེང་ན་གྱོང་གུད་མེད་ཀྱང་ཁེ་ཕན་ཆེ་བའི་ལས་འགུལ་ཞིག་ཡིན།
[5]དྲག་པོའི་ལས་འགུལ་འདི་རིགས་སྒྲིག་འཛུགས་ཀྱི་ངོ་བོ་མ་ཡིན་པར་གང་ཟག་སྒེར་གྱི་ངོ་བོའི་ཐོག་ནས་སྤེལ་དགོས་ལ། ལས་འགུལ་འདི་རིགས་ཀྱི་དམིགས་ཁ་གཏོད་ས་དེ་དཔལ་འབྱོར་གྱི་གྱོང་གུད་ཡིན་པས་མི་སྲོག་ལ་མི་གནོད་པའི་དྲག་པོའི་ལས་འགུལ་གྱི་ངོ་བོའི་ཐོག་གནས་ཆོག
[6] ལས་འགུལ་འདི་ཡང་མཐའ་གཅིག་ཏུ་མི་གསོད་ཁྲག་སྦྱོར་ཡིན་དགོས་པའི་ངེས་པ་མེད། གཙོ་བོ་རྒྱ་མི་ཚོ་བོད་ནང་དུ་གནས་སྡོད་བྱེད་རྒྱུར་འཇིགས་སྣང་སྐྱེས་པ་ཞིག་བཟོ་རྒྱུ་དེ་རེད།
[7] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་༼་དེབ་ཐེར་དཀར་པོ་༽ལས།
[8] ༧རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་བཀའ་སློབ།
No comments:
Post a Comment