Saturday, 12 March 2011

གཟའ་ཉི་མའི་ཚགས་པར་ཀློག་རྗེས་ཀྱི་འཆར་སྣང་།





རྒྱ་གར་གཞུང་གིས་བརྔོག་བཤེར་བྱས་པའི་ཚོད་རྩིས་ལྟར་ན་༧རྒྱལ་བ་ཀརྨ་པའི་ཡིག་ཚང་ནང་རྒྱལ་ཁབ་ཁག་ཉི་ཤུ་རྩ་ལྔའི་ཤོག་དངུལ་འབུམ་ཕྲག་མང་པོ་ཐོན་ཡོད་ལ།་གནས་ཚུལ་དེ་ད་ལྟ་བོད་ཀྱི་སྤྱི་ཚོགས་དང་རྒྱ་གར་གྱི་གསར་འགོད་བརྒྱུད་ལམ་ཁག་ན་ཚ་ཚ་འུར་འུར་དུ་གྱུར་ཡོད།
སྤྱིར་བཏང་ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་དམིགས་ཡུལ་ནི་དངུལ་ལོར་མང་པོ་བསགས་ནས་བཙན་བྱོལ་སྤྱི་ཚོགས་ནང་གཅིག་གིས་གཅིག་ལ་འགྲན་བསྡུར་གྱི་རྣམ་པའི་ཐོག་ཁང་བརྩེགས་མཐོན་པོ་རེ་བཞེངས་པའི་ཆེད་དུ་མིན་པ་ཚང་མས་གཅིག་མཐུན་དུ་ཁས་ལེན་སྲིད་མོད།འོན་ཀྱང་དེ་འཕྲོར་ཡང་ཚང་མས་གཅིག་རྗེས་གཉིས་མཐུད་དུ་རྒྱུ་མཚན་དང་དཀའ་ངལ་མང་པོ་ཞིག་བགྲངས་འགོ་བརྩམས་ངེས་རེད།དེ་ལའང་ཁག་ཅི་ཡོད།ཚང་མ་སྐྱབས་བཅོལ་བ་ཡིན་པས་རེད།་་་་དེ་ལ་ངས་ཀྱང་ཁས་ལེན།
ཡིན་ནའང་བོད་པ་ཚང་མ་ཤེས་ཡོན་ཡོད་མཁན་ཞིག་དང་སོ་སོའི་ཀླད་པ་བེད་སྤྱོད་གཏོང་ཐུབ་མཁན་ཞིག་ཡིན་ཚེ།ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་ལ་གཅིག་ལྟོས་དང་།ང་ཚོའི་སྤྱི་ཚོགས་ནང་ཨ་སྒོར་འབུམ་ཕྲག་མང་པོ་ཡོད་མཁན་གྱི་གང་ཟག་ག་ཚོད་ཡོད་མེད་བཤད་ཚོད་མི་ཐུབ་ཀྱང་།ཚང་མར་ལྟོ་གོས་གཏམ་གསུམ་གྱི་དཀའ་ངལ་སོགས་གང་ཡང་མེད་པ་སུས་ཀྱང་བསྙོན་དུ་མེད།་་་རྒྱུ་མཚན་དེ་ལ་བརྟེན་ནས་ངས་འདིར་བརྗོད་འདོད་པ་ནི་ད་ཆ་ང་ཚོས་ཕྱིའི་དངོས་པོའི་མཐུན་རྐྱེན་དང་འཛུགས་སྐྲུན་གྱི་ཆ་ལ་གུ་དོགས་ཀྱི་མིག་ཟུང་བགྲད་པ་ལས་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་དང་ལྷག་པར་དུ་མི་རབས་གསར་པའི་ཤེས་ཡོན་གྱི་ནུས་པ་བསྐྱེད་བསྲིང་དང་མཐོར་འདེགས་གཏོང་བའི་འཆར་འགོད་ཀྱི་ཆ་ལ་དཀྱེལ་ཡངས་ཀྱི་བསམ་བཞེས་བྱེད་རྒྱུ་ནི་དུས་ལ་བབས་པའི་ང་ཚོའི་ཡང་དག་གི་གདམ་ག་ཉག་ཅིག་ཆགས་འདུག
ཚང་མས་ཤེས་དགོས་པ་ཞིག་ལ་ང་ཚོའི་མི་རབས་གསར་བའི་གཞོན་སྐྱེས་གང་མང་ཞིག་ལ་ཤེས་ཡོན་གྱི་སྒོ་་ཐེམ་འགྲིམས་པའི་ཕུགས་བསམ་ཡོད་མོད།་ཡིན་ནའང་ཁོང་ཚོའི་ཤེས་ཡོན་གྱི་ལམ་ཁའི་སྒང་གི་དཀའ་ངལ་ཆེ་ཤོས་དེ་ནི་དཔལ་འབྱོར་དང་ཕུགས་བསམ་དབར་གྱི་གདོང་ཐུག་ཆེན་པོ་དེ་རེད་ལ།་གཡོལ་ཐབས་བྲལ་བའི་གདོང་ཐུག་དེའི་ཁྲོད་ནས་ཁོང་ཚོའི་ཕུགས་བསམ་གྱི་མདུན་ལྗོངས་དང་རྨི་ལམ་ཡོད་ཚད་རྩ་བརླག་དང་ཤུལ་མེད་འགྲོ་བཞིན་ཡོད།
གལ་ཏེ་བཙན་བྱོལ་བོད་གཞུང་དང་།་བོད་པའི་བླ་ཆེན་ཁག་དང་དགོན་སྡེ་ཁག་་་་་ལྷག་པར་བོད་ཁྱིམ་སོགས་ཤེས་ཡོན་གྱི་གཏང་འཛིན་ཐད་ལ་ཐད་ཀར་འབྲེལ་བའིི་འཛིན་སྐྱོང་སྡེ་ཚན་ཁག་གིས་ཁ་ཞེ་གཉིས་མེད་ཀྱིས་བོད་པའི་གཞོན་སྐྱེས་ཕུགས་བསམ་ཅན་དང་ནུས་ལྡན་ཅན་ལ་དམིགས་བསལ་གྱི་ཤེས་ཡོན་དང་འབྲེལ་བའི་འགྲོ་གྲོན་བཏང་ཐུབ་ཡོད་ཚེ།མི་ལོ་ལྔ་བཅུའི་རིང་ལ་བོད་པའི་སྤྱི་ཚོགས་ནང་རིགས་གཅིག་རྐང་འཛིན་གྱི་ས་མིག་སྟོངས་དགོས་པའི་ད་ལྟའི་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འདི་འདྲ་ཞིག་གཏན་ནས་ཆགས་མི་སྲིད།་
སྐད་ཆ་འདི་དག་མི་མང་པོ་ཞིག་གི་སེམས་ནང་དུ་བཞུ་དཀའ་བ་བདག་གིས་སྔ་ས་ནས་ཚོད་དཔག་བྱེད་ཐུབ་ཀྱི་འདུག་ལ།་མི་མང་པོ་ཞིག་གིས་རིགས་གཅིག་རྐང་འཛིན་མང་པོ་ཐོན་མ་ཐུབ་པ་དེ་གང་ཟག་སོ་སོ་ལན་པ་རེད་མ་གཏོགས་གཞུང་དང་ཤེས་ཡོན་གྱི་འཛིན་སྐྱོང་སྡེ་ཚན་ཁག་ལ་སྐྱོན་འཛུགས་བྱས་ན་ཧ་ཅང་ཐལ་དྲགས་པ་རེད་ཅེས་ཀྱང་བརྗོད་སྲིད།་་་སྐད་ཆ་དེ་ལ་ཡང་རྒྱུ་མཚན་ངེས་ཅན་ཡོད་པར་ངས་ངོས་འཛིན་བྱེད་ཐུབ་ཀྱི་འདུག
ཡིན་ཡང་བསམ་གཞིགས་ཡག་པོ་ཞིག་བྱོས་དང།་མི་ལོ་ལྔ་བཅུའི་རིང་བཙན་བྱོལ་གྱི་ཤེས་ཡོན་ཐད་ལ་འཐུས་ཤོར་ཆེན་པོ་འགྲོ་དགོས་པའི་རྒྱུ་མཚན་ལྟེ་བ་དེ་གང་ལ་ཐུག་འདུག་་་་་་་་དྲང་མོར་བཤད་ན།གསར་གཏོད་ཀྱི་ཐོན་ཁུངས་མེད་པའི་བཟོ་གྲྭ་རྙིང་པ་གཅིག་རང་གཅིག་ནས་དེང་རབས་རང་བཞིན་གྱི་ཁྱད་ཆོས་སྣ་མང་འཛོམས་པའི་འཕྲུལ་ཆས་དང་ཅ་དངོས་ཕོན་ཆེན་ཇི་ལྟར་བཟོ་སྐྲུན་བྱེད་ཐུབ་ཨང་།ཕྱོགས་གཞན་ཞིག་ནས་གླེང་ན་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གི་གཞོན་སྐྱེས་ཚོ་བཟོ་གྲྭའི་རྙིང་པའི་ནང་བཟོ་སྐྲུན་བྱས་པའི་ཐོན་རྫས་ཤ་སྟག་གྱུར་སྟབས།་ཚང་མའི་ཆེ་ཆུང་དང་བཟོ་དབྱིབས།་ཁྱད་ཆོས་སོགས་གཅིག་པ་ཡིན་སོང་བ་རེད་ལ།་རྒྱུ་མཚན་དེ་ལ་བརྟེན་ནས་དུས་རབས་གསར་བའི་ནང་གི་ང་ཚོའི་ཤེས་ཡོན་གྱི་ཐོན་རྫས་ཡོད་ཚད་འགྲན་རྩོད་རང་བཞིན་གྱི་འཛམ་གླིང་གི་ཁྲོམ་རྭའི་ནང་རིན་གོང་དང་རྩིས་ཐང་མེད་སོང་བ་རེད།

ངས་འདིར་སུ་དང་གང་ལ་ཉེས་མེད་སྐྱོན་འཛུགས་བྱེད་ཀྱིན་མེད་ལ།སུ་དང་གང་གི་ནག་ཉེས་ཀྱང་ཐར་འདོན་བྱེད་ཀྱི་མེད།ངས་འདིར་དོགས་སློང་བྱེད་འདོད་པ་ནི་ང་ཚོར་དཔལ་འབྱོར་གྱི་ནུས་པ་ཤིག་ཡོད་ན་ནི་ད་དེ་དག་ངེས་པར་དུ་ང་ཚོའི་ཤེས་ཡོན་གྱི་བཟོ་གྲྭའི་ཐོག་ལ་སྤུངས་ཐུབ་པ་བྱས་ཏེ་མ་འོངས་པར་ལང་ཚོ་དང་གསོན་ཤུགས་ཀྱིས་ཕྱུག་པའི་མི་རབས་གསར་པ་གང་མང་བསྐྱེད་བསྲིང་བྱེད་དགོས་ཚོད་འདུག་ལ།་དེ་ལྟར་བྱས་ན་ད་གཟོད་ང་ཚོ་ཐུན་མོང་གི་ལས་སྐལ་དང་འབྲེལབའི་གནས་སྐབས་དང་མཐར་ཐུག་གི་རྨི་ལམ་མཐའ་དག་ཀྱང་སང་ཉིན་གྱི་མི་རབས་གསར་པའི་སྙུག་རྩེ་ནས་མངོན་འགྱུར་བྱེད་ཐུབ་པ་ཡིན།

No comments: